An appeal for The Eighth Session of The 17th Tibetan Parliament-in-Exile.

An appeal for The Eighth Session of The 17th Tibetan Parliament-in-Exile, document No. 31, tabled by the Kashag (Cabinet) proposed two key changes; Adding representatives from Jonang religious sect to the parliamentary composition and revising the qualifications for the Tibetan Supreme Justice Commission. Under the current Charter, for the past 30 years (1991–2021), the appointment of the Chief Justice and two other judges has not adhered to the qualifications outlined in Article 63, Section 2(c), which stipulates that a judge must have either five years of continuous judicial experience or 10 years as an experienced advocate. The original exemption was set to expire after 30 years, but the new amendment extends this exemption for another decade, until 2031.

However, the proposal to add a Jonang representative to parliament faced a different outcome. The secret ballot, fell short of the two-thirds majority required, resulting in its rejection.

International Joining Welfare Association held a conference and expressed disappointment over charter amendment’s failure, calls for official recognition. The announcement was made by the president of International Joining Welfare Association and other representatives from Jonang Monastery in India and Nepal.

Here is the original announcement. 

༡༽ དཔལ་རྒྱལ་བ་ཇོ་ནང་པའི་ཆོས་བརྒྱུད་ཀྱི་གལ་ཆེའི་རང་བཞིན་དང་།

གཞིས་བཞུགས་ཇོ་ནང་པའི་གཟི་བརྗིད།

༉ དཔལ་རྒྱལ་བ་ཇོ་ནང་པ་ཞེས་ཡོངས་སུ་གྲགས་པའི་ཆོས་བརྒྱུད་ཆེན་པོ་འདི་ནི། བོད་གངས་ཅན་གྱི་སྒྲུབ་བརྒྱུད་ཤིང་རྟ་ཆེན་པོ་བརྒྱད་ཀྱི་ཡ་གྱལ་སྦྱོར་དྲུག་པ་ཞེས་པ་དེ་ཡིན། དེ་ཡང་ཆོས་བརྒྱུད་འདི་ལ་སྔོན་དུས་སུ་སྦྱོར་དྲུག་པ་དང་བྱམས་ཆོས་སྒོམ་ལུགས་པ་ཞེས་གྲགས་ཀྱང་། དུས་རབས་༡༣ པའི་ནང་ཀུན་སྤངས་ཐུགས་རྗེ་བརྩོན་འགྲུས་(༡༢༤༠-༡༣༡༣)མཆོག་གིས་གནས་ཆེན་ཇོ་མོ་ནང་པར་གདན་ས་མཛད་པ་ནས་ཇོ་ནང་པར་གྲགས་པ་ཡིན་ལ། རྒྱུད་ཀྱི་རྒྱལ་པོ་དཔལ་མཆོག་དུས་ཀྱི་འཁོར་ལོའི་བསྟན་པ་བཤད་སྒྲུབ་ཟུང་གིས་རྒྱ་ཆེར་སྤེལ་བས། དུས་འཁོར་བསྟན་པའི་བདག་པོ་ཉག་གཅིག་ཏུ་གྱུར།

རྒྱལ་བའི་ལུང་བསྟན་ཀུན་མཁྱེན་དོལ་པོ་སངས་རྒྱས་(༡༢༩༢-༡༣༦༡)མཆོག་གིས་རྒྱལ་བ་སྲས་བཅས་ཀྱི་གསུང་ཁུངས་ཐུབ་འབའ་ཞིག་དཔང་བོར་བཞག་ནས་ལྟ་བ་མདོ་དོན་མཐར་ཐུག་གཞན་སྟོང་དབུ་མ་ཆེན་པོ་དང་། སྒོམ་པ་རྒྱུད་དོན་མཐར་ཐུག་རྡོ་རྗེའི་རྣལ་འབྱོར་གཉིས་ཟུང་དུ་འབྲེལ་བའི་ཆོས་སྐད་ཀྱིས་ས་གསུམ་དུ་ཁྱབ་པར་མཛད་པ་མ་ཟད། ཐེག་པ་ཆེན་པོའི་བཀའ་བསྡུ་བཞི་བ་མཛད་པས། གྲུབ་མཐའ་འདི་རྩོད་བྲལ་དུ་གྱུར་ཏེ། མདོ་ཕྱོགས་ནས་འཁོར་ལོ་ཐ་མའི་དགོངས་དོན་མཐར་ཐུག་གཞན་སྟོང་དབུ་མ་ཆེན་པོའི་ཤིང་རྟའི་སྲོལ་འབྱེད་དང་། སྔགས་ཕྱོགས་ནས་རྒྱུད་རྒྱལ་དུས་ཀྱི་འཁོར་ལོའི་བསྟན་པའི་བཀའ་བབ་ཅེས་ཡོངས་སུ་གྲགས། 

ཁོང་གི་བརྒྱུད་འཛིན་ཆེན་པོ་གངས་ཅན་མཁས་པའི་མཁས་པ་ཚད་མའི་མཛོད་ཆེན་ཉ་དབོན་ཀུན་དགའ་དཔལ་དང་། ཀུན་མཁྱེན་ཕྱོགས་ལས་རྣམ་རྒྱལ། ཇོ་ནང་ལོ་ཙྭ་རྣམ་གཉིས་སོགས་དོལ་པོའི་བུ་ཆེན་བཅུ་བཞི། རྗེ་བཙུན་ཀུན་དགའ་གྲོལ་མཆོག མདོ་སྔགས་བསྟན་པ་རྒྱ་མཚོའི་རྒྱན་གྱུར་རྗེ་བཙུན་ཆེན་པོ་ཏཱ་ར་ནཱ་ཐ་སོགས་ཀྱིས་བསྟན་པའི་རྒྱལ་མཚན་ཕྱོགས་བཅུར་བསྒྲེངས།

གལ་ཏེ་ཇོ་ནང་གི་ཆོས་རྒྱུད་འདི་ཉམས་སོང་བ་ཡིན་ན། རྒྱལ་བའི་བཀའ་འཁོར་ལོ་ཐ་མ་ངེས་དོན་ཕྱིར་མི་ལྡོག་པ་དེ་བཞིན་གཤེགས་པའི་སྙིང་པོ་བསྟན་པའི་མདོ་རྣམས་དང་། མགོན་པོ་ཀླུ་སྒྲུབ་ཀྱི་བསྟོད་ཚོགས་དང་རྗེ་བཙུན་བྱམས་པའི་བྱམས་ཆོས་དང་། ཁྱད་པར་དུ་དཔལ་མཆོག་དུས་ཀྱི་འཁོར་ལོ་ཞེས་ཡོངས་སུ་གྲགས་པ་རྒྱུད་ཐམས་ཅད་ཀྱི་རྒྱལ་པོ། ཟ་མ་ཏོག་ཁ་ཕྱེ་བ། ཐེག་པ་ཐམས་ཅད་ཀྱི་མཐར་ཐུག རྣལ་འབྱོར་རྒྱུད་ཀྱི་ཡང་རྩེ། སངས་རྒྱས་ཀྱི་བསྟན་པའི་སྲོག་དང་སྙིང་པོ་ལྟ་བུར་གྱུར་བ་འདི་ཉིད་རྩལ་དུ་བཏོན་ནས་འཛིན་མཁན་ཞིག་ཉམས་སོང་བ་རེད། དེས་ཕྱིར་སངས་རྒྱས་ཀྱི་བསྟན་པ་

ཆ་ཚང་བ་ཞིག་གནས་དགོས་ན་ཇོ་ནང་བསྟན་པ་གནས་དགོས་པ་རེད། དེར་བརྟེན། ཕྱི་ལོ་ ༡༩༩༧ ལོར། ༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཞལ་སྔ་ནས་ཀྱིས། རྒྱ་གར་འཕགས་ཡུལ་དུ་དཔལ་ལྡན་རྒྱལ་བ་ཇོ་ནང་པའི་བསྟན་པ་དར་སྤེལ་བྱེད་རྒྱུ་གལ་ཆེན་དུ་གཟིགས་ནས། སིམ་ལ་དགོན་རྟེན་བརྟེན་པ་དང་བཅས་པ། ༧སྐྱབས་མགོན་ཁལ་ཁ་རྗེ་བཙུན་དམ་པ་སྐུ་ཕྲེང་དགུ་བ་ཆེན་པོ་མཆོག་གི་མཚན་ཐོག་ཏུ་གསོལ་བསྩལ་གནང་བ་མ་ཟད། ཇོ་ནང་བསྟན་པའི་བདག་པོར་མངའ་གསོལ་མཛད་ལ། ཁོང་གིས་ཞལ་སྔ་ནས་ཀྱིས་མཛད་པའི་ཇོ་ནང་བསྟན་པ་རྒྱས་པའི་སྨོན་ལམ་དུ། 

“མདོ་རྒྱུད་གཞན་དང་བཤད་སྲོལ་མི་མཚུངས་པའི།།

ཤིང་རྟའི་སྲོལ་ཆེན་དུས་ཀྱི་འཁོར་ལོའི་རྒྱུད།།

མི་ཉམས་འཛིན་ཅིང་སྤེལ་བའི་བཀའ་བབ་པ།།

ཇོ་ནང་པ་ཡི་བསྟན་པ་རྒྱས་གྱུར་ཅིག།།”

ཅེས་གསུངས་པ་ནང་བཞིན། བོད་ནང་དུ་མཚོན་ན། ཇོ་ནང་པའི་དགོན་སྡེ་ཆེ་ཁག་མང་པོ་དང་། དགེ་འདུན་པ་ཁྲི་ཕྲག་དུ་མས་སངས་རྒྱས་ཀྱི་བསྟན་པ་སྤྱི་དང་། བྱེ་བྲག་དཔལ་མཆོག་དུས་ཀྱི་འཁོར་ལོའི་བསྟན་པ་བཤད་སྒྲུབ་གཉིས་ཀྱི་སྒོ་ནས་གྲུ་བཞི་ལམ་མེར་བཟུང་སྟེ། ཆོས་རྒྱུད་འདྲ་འདྲའི་ནང་ནས་མི་འདྲ་བ་ཞིག་ཆགས་ཡོད་པ་མ་ཟད། ཐོབ་ཐང་གི་ཆ་ནས་བཤད་ན་ཡང་། ཆོས་རྒྱུད་གཞན་དང་ཁྱད་པར་སྤུ་ཙམ་མེད་པར་ཐོབ་ཐང་འདྲ་མཉམ་ཐོག་གཟི་བརྗིད་ངང་། དད་ལྡན་མི་མང་འབུམ་ཕྲག་མང་པོའི་མཆོད་ཡུལ་དུ་བཞུགས་ཡོད།

ཡིན་ན་ཡང་འདི་གར་བོད་མིའི་ཁྲིམས་བཟོ་ལྷན་ཚོགས་ཀྱིས་མཛད་སྤྱོད་ལ་བརྟེན་ནས་བཙན་བྱོལ་ཁྲོད་ཀྱི་ཇོ་ནང་པ་རྣམས། ཡ་ང་བའི་གནས་སྟངས་སྐྱུག་བྲོ་བ་ཞིག་གི་འོག་ཏུ་ལྷག་ཡོད། གནས་སྟངས་འདི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་། ཁྲིམས་ཡིག་ལ་བརྟེན་ནས་བྱུང་བ་ཞིག་ཡིན་ནོ། 

༢༽བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་གི་དབྱེ་འབྱེད།

སྤྱིར་བཏང་འཛམ་གླིང་ཐོག་གི་དབང་ཆ་གཅིག་སྡུད་ཀྱི་རྒྱལ་ཁབ་ཁག་སྨྲོས་ཅི། དམངས་གཙོའི་རྒྱལ་ཁབ་ཁག་ཏུ་ཡང་། སྐབས་རེར་ལག་ལེན་གྱི་ཐོག་ནས་དབྱེ་འབྱེད་བྱེད་མཁན་ཡོད་སྲིད་མོད། ཁྲིམས་ཐོག་ནས་ཆོས་ལུགས་དང་། རིགས་རུས། གོ་གནས་སོགས་ཀྱི་ཐད་དབྱེ་འབྱེད་བྱེད་མཁན་གཏན་ནས་མེད། དཔེར་ན། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཡོངས་ཁྱབ་གསལ་བསྒྲགས་ཀྱི་དོན་ཚན་བདུན་པར།

“སྐྱེ་བོ་ཐམས་ཅད་ཁྲིམས་ཀྱི་མདུན་སར་འདྲ་མཉམ་ཡིན་པ་དང་། ཁྲིམས་ཀྱི་ཐོག་ནས་དབྱེ་འབྱེད་མེད་པར་འདྲ་མཉམ་གྱི་རྒྱབ་གཉེར་སྲུང་སྐྱོབ་བྱེད་དགོས་པའི་ཐོབ་ཐང་ཡོད། ཚང་མས་གསལ་བསྒྲགས་ཀྱི་སྙིང་དོན་འདི་ལས་འགལ་བའི་དབྱེ་འབྱེད་ཀྱི་གནས་ཚུལ་ལ་ངོ་རྒོལ་གང་ཡང་བྱེད་པ་དང་། འདི་ལྟ་བུའི་དབྱེ་འབྱེད་ཀྱི་ངན་སྐུལ་ལའང་ངོ་རྒོལ་གང་ཡང་བྱེད་པ་བཅས་ལ་རྒྱབ་གཉེར་བྱེད་དགོས་པའི་ཐོབ་ཐང་འདྲ་མཉམ་དུ་ཡོད།”ཅེས་གསལ་བོར་བསྟན།

དེ་ལྟ་ན་ཡང་བཙན་བྱོལ་བོད་མིའི་བཅའ་ཁྲིམས་སུ་ཆོས་ལུགས་བར་ལ་དབྱེ་འབྱེད་ཆེན་པོ་བྱས་པས་རྐྱེན་གྱིས། བཙན་བྱོལ་བོད་མིའི་སྤྱི་ཚོགས་འདི་ཞི་བདེ་དང་ལྷིང་འཇགས་མེད་པར་བཟོས་ཡོད།

དེ་ཡང་བཙན་བྱོལ་བོད་མིའི་སྤྱི་འཐུས་ལྷན་ཁང་ནས་གཏན་ལ་ཕབ་པའི་བཅའ་ཁྲིམས་ཀྱི་དོན་ཚན་སོ་བདུན་པར།    

“བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆ།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆ་གཤམ་གསལ།

༡    ཀ     བོད་ཀྱི་ས་ཁུལ་ཆོལ་ཁ་རེ་ནས་འོས་བསྡུ་བྱས་པའི་སྤྱི་འཐུས་ཕོ་མོ་ཁྱད་མེད་བཅུ་རེ།

ཁ    རྙིང་མ་དང༌། བཀའ་བརྒྱུད། ས་སྐྱ། དགེ་ལུགས། གཡུང་དྲུང་བོན་བཅས་ལྔ་པོ་རེ་རེ་ནས་འོས་བསྡུ་བྱས་པའི་སྤྱི་འཐུས་གཉིས་རེ།” 

ཞེས་ཆོས་རྒྱུད་བར་ལ་དབྱེ་འབྱེད་ཆེན་པོ་བྱས་ནས། བཙན་བྱོལ་ཁྲོད་ཀྱི་ཇོ་ནང་པ་རྣམས་ཀྱི་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་། གདམ་བྱ་འདེམས་བྱེད་ཀྱི་ཐོབ་ཐང་སོགས་ཡོངས་སུ་མེད་པར་བྱས་སྟེ་ཆོས་རྒྱུད་གཞན་དང་འདྲ་མཉམ་མིན་པ་གསལ་པོར་བཟོས་ཡོད།

           ད་དུང་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༡༧ པའི་ནང་གསེས་ ༡༠/༡༡/༡༢ བཅས་ཀྱི་འོག་གཏན་འབེབས་བྱས་པའི། བཙན་བྱོལ་བོད་མིའི་ཆོས་དོན་ལྷན་ཚོགས་ཀྱི་ཁྲིམས་ཡིག་ཟེར་བ་དེའི་ནང་དུ་ཐོག་མཐའ་ཀུན་ཏུ་དབྱེ་འབྱེད་བྱས་ཡོད། དཔེར་ན་ཁྲིམས་ཡིག་དེའི་དོན་ཚན་གསུམ་པར།

“ཁྲིམས་ཡིག་གི་ཁྱབ་ཚད། བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་ལས་ཁུངས་ཀྱི་ཁྱབ་ཁོངས་སུ་ཡོད་པའི་བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་ལ་ཁྱབ་པ་ཡིན།”ཞེས་དངོས་སུ་དབྱེ་འབྱེད་བྱས་ནས། བཙན་བྱོལ་ཁྲོད་ཀྱི་ཇོ་ནང་པ་རྣམས་ཁྲིམས་ཡིག་གི་ཁྱབ་ཁོངས་ནས་ཕུད་ཡོད།

དེས་ན་དབྱེ་འབྱེད་ཅན་གྱི་བཅའ་ཁྲིམས་དང་། ཁྲིམས་ཡིག་གཉིས་ཀྱིས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ལ་ཁ་ལོ་བསྒྱུར་བས། བཙན་བྱོལ་ཁྲོད་ཀྱི་ཇོ་ནང་པ་རྣམས་ལ་ཁྲིམས་ལུགས་སུ་གཏན་ལ་ཕབ་པའི་སྤྱི་འཐུས་ཀྱི་འོས་ཆོས་ཡོངས་སུ་ཚང་ཡང་། ཇོ་ནང་ཆོས་བརྒྱུད་ཀྱི་སྤྱི་འཐུས་སུ་བཞེངས་མི་ཆོག་པ་མ་ཟད། ཐ་ན་རང་གི་ཆོས་བརྒྱུད་ཀྱི་སྤྱི་འཐུས་འདེམས་རྒྱུའི་ཐོབ་ཐང་ཡང་མེད་པར་བྱས། དེར་བརྟེན་བཙན་བྱོལ་སྤྱི་ཚོགས་ཁྲོད་ཆོས་རྒྱུད་ཆེན་པོ་བཞི་དང་། གཡུང་དྲུང་བོན་དང་ལྔ་ཟེར་བའི་ཐ་སྙད་འདི་མ་དག་རྒྱུན་འབྱམས་སུ་ཕྱིན། འདི་ནི་བཅའ་ཁྲིམས་དང་། ཁྲིམས་ཡིག་གི་དྲང་བདེན་མིན་པའི་ཤུགས་རྐྱེན་ཡིན་ནོ།

༣༽འདས་པའི་མི་ལོ་ ༢༧ རིང་བཙན་བྱོལ་ཇོ་ནང་པའི་ཡ་ང་བའི་གནས་སྟངས།

དེ་ལྟར་ཁྲིམས་ཐོག་ནས་དབྱེ་འབྱེད་བྱས་པས་རྐྱེན་གྱིས། བཙན་བྱོལ་ཁྲོད་ཀྱི་ཇོ་ནང་པ་རྣམས་ལ་དཀའ་ངལ་རབ་དང་རིམ་པ་ཞིག་འཕྲད་པས། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་རིས་མེད་ཆོས་རྒྱུད་ཁག་གི་དབུ་འཛིན་སྨན་རི་ཁྲི་འཛིན་རིན་པོ་ཆེ་མཆོག་དང་། སྨིན་གླིང་ཁྲི་རིན་པོ་ཆེ་མཆོག རྒྱལ་དབང་ཀརྨ་པ་མཆོག ས་སྐྱ་ཁྲི་འཛིན་མཆོག དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་སོགས་ཆེ་དགུ་ཡོད་ཚད་ཀྱིས་རྒྱབ་གཉེར་བཀའ་ཡིག་ཕེབས་པ་མ་ཟད། བོད་ནང་ནས་རིས་མེད་དགོན་སྡེ་བརྒྱ་ཕྲག་ལྷག་གིས་ཀྱང་རྒྱབ་གཉེར་དང་སྙན་ཞུ་ཕུལ་བ་དང་།

     ཇོ་ནང་རང་གི་བསྟན་པའི་མངའ་བདག་སྐྱབས་མགོན་ཁལ་ཁ་རྗེ་བཙུན་དམ་པའི་དབུས། ཇོ་ནང་གཞིས་བྱེས་གཉིས་ནས། མི་ལོ་ ༢༧ རིང་གི་གྲོས་ཚོགས་འཚོགས་ཐེངས་ ༥༠ ལྷག་རིང་། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་ཐོག་ནས་ཇོ་ནང་པར་ཐོབ་ཐང་འདྲ་མཉམ་ཡོང་ཆེད། སྙན་ཞུ་དང་། རེ་འབོད། གསོལ་འདེབས་གྲངས་མེད་ཕུལ་བ་མ་ཟད། ཕྱི་ལོ་ ༢༠༡༥ ལོར་གྲོས་ཚོགས་སྒོ་འགྲམ་དུ་ཞི་འབོད་དང་། ཟས་བཅད་ཞི་རྒོལ་བྱས་ཀྱང་། བདེན་པ་དང་བརྩེ་བའི་མིག་བཙུམས་ནས་ང་ཚོའི་དཀའ་སྡུག་གི་རེ་འབྲས་ཆུད་ཟོས་སུ་བཏང་། 

ད་དུང་ཕྱི་ལོ་ ༢༠༡༡ ལོར་རིས་མེད་ཆོས་ཚོགས་ཐེངས་ ༡༡ པར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག རིས་མེད་ཆོས་བརྒྱུད་ཁག་གི་བླ་ཆེན་ལྷན་འཛོམས་ཀྱིས། རྒྱལ་བ་ཇོ་ནང་པ་ནི་ཆོས་བརྒྱུད་རང་རྐང་ཚུགས་པ་ཞིག་ལ་ངོས་འཛིན་གྲོས་ཆོད་བྱུང་། ཡིན་ན་ཡང་ཆེས་ཡིད་ཕམ་པ་ཞིག་ལ། ད་དུང་བཅའ་ཁྲིམས་ལ་འགྱུར་བ་བཏང་མེད།

གཞན་ཡང་སྐབས་ ༡༧ པའི་གྲོས་ཚོགས་འཚོགས་དུས་ ༥ བའི་ཐོག ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་བཙུགས་གནང་སྟེ། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་འགྱུར་བ་གཏོང་དགོས་རིགས་བཙན་བྱོལ་བོད་མི་ཡོངས་ཀྱི་བསམ་ཚུལ་ཞུ་འབུལ་ཆོག་པའི་གོ་སྐབས་སྤྲད་པས། ཇོ་ནང་པའི་ངོས་ནས་དེ་ལུགས་གོ་སྐབས་དམ་འཛིན་བྱས་ཏེ། འཛམ་གླིང་ཁྱོན་ཡོངས་ནས་ཚོགས་སྒེར་ཕྱི་ནང་མི་རིགས་དུ་མའི་སྙན་ཞུ་བརྒྱ་ཕྲག་མང་པོས། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་དོན་ཚན་ ༣༧ ནང་གསེས་ (ཁ) ལ་འགྱུར་བ་བཏང་སྟེ། ༼རང་ཅག་གཞིས་བྱེས་ཇོ་ནང་པ་ཡོངས་ཀྱི་མངོན་འདོད་ནི་ཁྲིམས་ཀྱི་མདུན་སར་ཆོས་རྒྱུད་གཞན་དང་སྤྱི་མཚུངས་ཀྱི་ཐོབ་ཐང་ཡོད་ན་ཡོད་མཉམ་དང་མེད་ན་མེད་མཉམ་གྱི་བསྐྱར་བཅོས་ཚད་ལྡན་ཡོང་བའི་སྙན་ཞུ་ཕུལ་ཀྱང་། རྒྱུན་ལྡན་ལྟར་སྣང་མེད་དུ་བཞག་ཡོད།༽

མདོར་ན་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་ཆོས་རྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་ལས་མེད་པས། ཇོ་ནང་ཟེར་བ་ཅི་ཡིན། དེ་བོད་ཀྱི་ཆོས་རྒྱུད་ཅིག་རེད་དམ་ཞེས་སོགས་གསལ་བཤད་ར་འཕྲོད་དཀའ་བའི་དྲི་བ་འདོན་བཞིན་པ་སོགས། བཙན་བྱོལ་ཁྲོད་ཇོ་ནང་བའི་ཆོས་འབྱུང་དང་ལོ་རྒྱུས་ནག་གསུབ་ཏུ་འགྲོ་བཞིན་ཡོད་པ་མ་ཟད། བཙན་བྱོལ་ཁྲོད་ཀྱི་ཇོ་ནང་དགོན་སྡེ་ཁག་དང་རྒྱལ་ཕྱི་ནང་ཀུན་ན་བཞུགས་པའི་ཆོས་ཚོགས་ཁག་གི་ནང་དཔལ་རྒྱལ་བ་ཇོ་ནང་བའི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་ལ་ཡང་དཀའ་ངལ་རབ་དང་རིམ་པ་ཞིག་འཕྲད་བཞིན་ཡོད། 

        དེར་བརྟེན་བཙན་བྱོལ་ཁྲོད་ཀྱི་ཇོ་ནང་པ་རྣམས་ཀྱི་གནས་སྟངས་ནི་ཡ་ང་བ་ཞིག་ཡིན།

        ད་དུང་འདིར་ཆེད་དུ་བརྗོད་པ་ནི་(དཔལ་ལྡན་བཀའ་ཤག་སྐབས་༡༦ པའི་ངོས་ནས་ཆོས་ཚོགས་ཐེངས་༡༡ པའི་གྲོས་ཆོད་གཞིར་བཞག་ཐོག་ཇོ་ནང་པ་ལ་འདྲ་མཉམ་གྱི་ཐོབ་ཐང་དགོས་གལ་ཆེ་བར་གཟིགས་ནས། ཁྲིམས་འཆར་གྲོས་ཚོགས་སུ་བསྣམས་ཀྱང་། སྤྱི་འཐུས་ཁག་གཅིག་གིས་ང་ཚོའི་བདེན་པ་དང་འདྲ་མཉམ་གྱི་ཐོབ་ཐང་རྩིས་མེད་དུ་བཏང་བས་གཞིས་བྱེས་ཇོ་ནང་པ་ཡོངས་དང་འཛམ་གླིང་ཡུལ་གྲུ་ཀུན་ན་བཞུགས་པའི་རྒྱབ་སྐྱོར་གནང་མཁན་ཡོངས་ཤིན་ཏུ་བློ་ཕམ་གྱི་གནས་སུ་བསྐྱལ་ཡོད།

༤༽མ་འོངས་པའི་ཁ་ཕྱོགས།

སྤྱིར་བཏང་བོད་མི་རིགས་གཞིས་བྱེས་གཉིས་སུ་གྱེས་པའི་གནས་སྟངས་ཐབས་སྐྱོ་བོ་འདི་སྙིང་ལ་བཅིངས་ནས་གོང་གསལ་ལྟར། འདས་པའི་མི་ལོ་ཉེར་བདུན་རིང་གང་འཇམ་འཇམ་གྱི་ཐབས་ལམ་སྣ་མང་སྤྱད་དེ་ཞུ་འབོད་གྲངས་མང་ཞུས་ཀྱང་། དཔལ་ལྡན་རྒྱལ་བ་ཇོ་ནང་པའི་དངོས་ཡོད་ལོ་རྒྱུས་ཀྱི་བདེན་པ་དང་འདྲ་མཉམ་གྱི་ཐོབ་ཐང་རྩྭ་བཞིན་དུ་དོར་བས། བོད་ཕྱི་ནང་གཉིས་ཀྱིས་གཙོས་ཕྱིའི་རྒྱལ་ཁབ་ཁག་ཏུ་ཡོད་པའི་ཇོ་ནང་བའི་བརྒྱུད་འཛིན་པ་རྣམས་དང་། འབྲེལ་ཡོད་རྒྱབ་སྐྱོར་གནང་མཁན་རྣམས་ལ་ཡང་ཤིན་ཏུ་ལྕི་བའི་ཡིད་སྐྱོ་ཐེག་དཀའ་བ་བྱུང་ཡོད། མ་འོངས་པར་གནད་དོན་འདི་སྒོ་གང་ཐད་ནས་ཛ་དྲག་ཏུ་སོང་བ་ཡིན་ན། དེའི་འགན་ཆ་ཚང་བཙན་བྱོལ་བོད་མིའི་གྲོས་ཚོགས་ཀྱིས་ཁུར་དགོས་ཞེས། དམངས་གཙོའི་ཀ་ཆེན་བཞི་བ་གསར་འགོད་ལྷན་འཚོགས་ཀྱི་གར་སྟེགས་འདིའི་ཐོག་ནས་ཡོངས་བསྒྲགས་བྱས་པ་ཡིན།

        མཐའ་དོན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་གཙོས་རིས་མེད་ཆོས་བརྒྱུད་ཁག་གི་བླ་ཆེན་རྣམ་པ་དང་། འཛམ་གླིང་ས་ཕྱོགས་གང་སར་བཞུགས་པའི་དད་ལྡན་ལྷག་བསམ་སྙིང་སྟོབས་ཅན་གྱི་སེར་སྐྱ་མང་པོས་དངོས་ཤུགས་བརྒྱུད་གསུམ་ནས་དཔལ་ལྡན་ཇོ་ནང་པའི་ཆོས་བརྒྱུད་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་རྒྱལ་སྤྱིའི་ཇོ་ནང་བ་ཡོངས་ཀྱི་ཚབ་ཞུས་ཏེ་ཐུགས་རྗེ་ཆེ་ཞུ་བ་དང་། མ་འོངས་པར་ཡང་མུ་མཐུད་དུ་ཐུགས་ཁུར་རྒྱབ་སྐྱོར་གནང་བར་མཁྱེན་མཁྱེན་ཞུ།

མདོ་དོན་མཐར་ཐུག་གཞན་སྟོང་དབུ་མ་དང་།། 

རྒྱུད་དོན་མཐར་ཐུག་རྡོ་རྗེའི་རྣལ་འབྱོར་གྱི།

ལྟ་སྒོམ་འབྲེལ་བའི་ལམ་གྱིས་གནད་བཟུང་ནས།།

ཆོས་སྒོ་མཐའ་དག་གསལ་བར་བྱེད་པར་ཤོག

                                         ཅེས་རྒྱལ་སྤྱིའི་ཇོ་ནང་འགྲོ་ཕན་ལྷན་ཚོགས་ཀྱི་དབུས་རྒྱུན་ལས་ཁང་ནས། 

                                       བོད་རྒྱལ་ལོ་༢༡༥༡ བོད་ཟླ་༧ ཚེས་༡༧ ཕྱི་ལོ་༢༠༢༤ ཟླ་༩ ཚེས་༡༩ ཉིན།

Leave a Reply

Your email address will not be published. Required fields are marked *